Friday, April 11, 2014

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་དང་ཐོག་མའི་མཇལ་འཕྲད་སྐབས་ཀྱི་གླེང་མོལ་ཟིན་ཐོ།

༢༠༡༠།༡༢།༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ།
༄༅། །ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༢༥ ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་ཐོག་མའི་མཇལ་འཕྲད་སྐབས་གྱི་གླེང་མོལ་བྱུང་བའི་བརྗེད་ཐོ།  
བཀའ་བློན་ཁྲི་ཟུར་མཆོག་ནས། ཁྱེད་རང་གིས་ངའི་ལོ་རྒྱུས་སྐོར་ལ་དོ་སྣང་དང་བཅས་རོགས་པ་བྱ་རྒྱུ་ཡིན་སྐོར་ཁོང་གཉིས་(སྲས་མོ་དཀོན་མཆོག་ཆོས་སྒྲོན་དང་། ཁོང་གི་སྐུ་ཟླ་བཀྲ་ཤིས་དཔལ་འབྱོར།)ལ་གསུངས་འདུག་པས་ང་ཧ་ཅང་དགའ་པོ་བྱུང་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ངའི་ལོ་རྒྱུས་འདིའི་སྐོར་ལ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་གྲྭ་པ་ཞིག་ཡོད་པ་ཁོང་དང་། རྒན་འཇིགས་མེད་དབང་རྒྱལ་གཉིས་ནས་ཞུ་དག་དང་རོགས་པ་གནང་རྒྱུ་ཡོད་གསུངས་སོང་ཡང་ད་བར་དམིགས་བསལ་ཕན་ཐོགས་པའི་རོགས་པ་གང་ཡང་བྱུང་མ་སོང་།
ལོ་རྒྱུས་བྲིས་པའི་རྒྱུད་རིམ་སྐོར་ལ་ཁོང་ནས་གསུང་དོན། ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁྱོད་རང་གི་ལོ་རྒྱུས་ཇི་མ་ཇི་བཞིན་བྲིས་ཤོག་ཅེས་བཀའ་གསུང་སྤྱི་ཕེབས་ལྟར་འགོ་འཛུགས་བྱས་པ་ཡིན། ཉེ་བའི་ཆར་གཟུགས་ཁམས་མི་བདེ་བ་གྱུར་སོང་བས་ཉིར་རེར་ཆུ་ཚོད་གཉིས་གསུམ་ལྷག་འབྲི་ཐུབ་དཀའ་བ་འདུག་པ་ལས་དེ་སྔོན་ཞོགས་ཆུ་ཚོད་དགུ་པ་ནས་དགུང་མོ་ཆུ་ཚོད་དགུ་པ་བཅུ་པ་བར་འབྲི་རྐྱང་བྱས་པ་ཡིན། ཐོག་མར་༸གོང་ས་མཆོག་གི་བཀའ་སྩལ་སྐབས་ང་རང་མི་སྒེར་ཞིག་གི་ལོ་རྒྱུས་འབྲི་བ་ལ་དཀའ་ངལ་ཆེན་པོ་གང་ཡོད། དེ་ཡིན་དུས་འབྲི་ཐུབ་རྒྱུ་རེད་བསམ་སྟེ་ཁས་བླངས་པ་ཡིན་ཀྱང་། དངོས་སུ་འབྲི་ཡོང་དུས་ད་བར་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་ཆུང་བ་མ་ཟད། རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཡོད་གནས་ཚུལ་ཁག་གཅིག་མ་བཀོད་ན་ཆ་མ་ཚང་བའི་བཟོ་འདྲ་ཡོང་གི་འདུག་ཅིང་། དེ་བཞིན་གནད་དོན་གལ་ཆེ་སྐོར་ཞིག་འགོ་ལོ་ཤས་སྔོན་ནས་བརྩམས་རྗེས། མཇུག་ལམ་སང་བསྡུ་མ་ཐུབ་པ་བྱུང་བ་ཡང་ཡོད་པ་རྣམས་ཇི་ལྟར་མཐུད་དགོས་སོགས་གནས་ཚུལ་དུ་མ་ཞིག་ལ་བརྟེན་ཏེ་ཇི་འདྲ་འགོ་འཛུགས་དགོས་སམ་བསམ་པ་སོགས་བྱུང་སོང་།    དེའི་སྐོར་ལོ་རྒྱུས་འབྲི་མཁན་མང་པོ་ཞིག་ལ་ལམ་སྟོན་དང་དྲི་བ་ཞུས་པ་ཡིན་པས་ཕྱི་ནང་གི་མཁས་པ་རྣམས་ཀྱིས་གནད་དོན་སོ་སོ་སྡེ་ཚན་བྱས་ནས་འབྲི་དགོས་སྐོར་དང་། སྡེ་ཚན་མ་འདྲ་བའི་གནད་དོན་སོ་སོར་ཕྱེས་ན་ལོ་རྒྱུས་ལྟ་མཁན་རྣམས་ཀྱིས་སོ་སོར་དགོས་པའི་ལོ་རྒྱུས་ལ་བལྟ་ཞིབ་བྱ་བདེ་བ་ཡོང་རྒྱུ་ཡིན་སྐོར་ཡང་བཤད་ཀྱི་འདུག་ཅིང་། ལོ་ཚིགས་གཞིར་བཟུང་འབྲི་དགོས་སྐོར་སོགས་གསུང་ཚུལ་འགའ་ཞིག་བྱེད་ཀྱི་འདུག་ནའང་མང་ཆེ་བས་ལོ་ཚིགས་གཞིར་བཟུང་བྱ་ནས་འབྲི་དགོས་སྐོར་གསུང་གི་འདུག དཀར་ཆག་རྣམས་ཁ་གསལ་འབྲི་དགོས་གནས་བཤད་ཀྱི་འདུག
          ལོ་རྒྱུས་འབྲི་སྐབས་རང་གི་མི་ཚེའི་ནང་བྱུང་བའི་བཟང་ངན་གྱི་ལོ་རྒྱུས་ག་འདྲ་ཞིག་ཡིན་ནའང་སྦས་གསང་མེད་པར་མ་བྲིས་ན་ཚད་ལྡན་གྱི་ལོ་རྒྱུས་ཤིག་ཡོང་དཀའ་བ་དང་། ལོ་རྒྱུས་ལྟ་མཁན་རྣམས་ཀྱིས་དགའ་སྣང་ཡང་བྱེད་ཀྱི་མ་རེད་ཟེར་གྱི་འདུག ཟམ་གདོང་རིན་པོ་ཆེ་ལ་ཡང་བཀའ་འདྲི་ཞུས་སྐབས་ཐོག་མར་རང་གིས་གང་དྲན་པ་རྣམས་ཤར་རེར་བྲིས་རྗེས་མཇུག་ལ་གོང་འོག་བསྒྲིག་རྒྱུ་དང་། དེའི་སྐོར་ལ་གསར་པ་དྲན་པ་རྣམས་ཁ་གསབ་བཞིན་བྲིས་པ་ཡིན་ན་སོགས་གསུངས་སོང་།
ངས་ལོ་རྒྱུས་འདི་ཉིད་དངོས་སུ་བྲིས་སྐབས་ཐོག་མར་ ༡༩༥༠ ལོར་རྒྱ་མིས་བོད་ནང་བཙན་འཛུལ་བྱས་དུས་བོད་མི་རྣམས་ཀྱིས་གདོང་ལེན་ག་འདྲ་བྱས་ཡོད་མེད་ནས་བྲིས་པ་ཡིན། དེའི་ནང་འབྲི་ཆུ་ཕན་ཆད་ལས་ཐེབས་མེད། དེ་ནས་རིམ་བཞིན་ཤར་མར་བྲིས་པ་ལས་ཡང་བསྐྱར་བལྟ་ཞིབ་བྱ་རྒྱུ་སོགས་གང་ཡང་བྱུང་མ་སོང་། ༡༩༩༢ ལོའི་ལོ་རྒྱུས་བར་ད་ལྟ་བྲིས་ཟིན་ཡོད་ལ་བྲིས་ཟིན་པ་རྣམས་ཕལ་ཆེར་ཀམ་པུའུ་ཊར་ནང་བཅུག་ཚར་ཡོད།
          ཡང་ལོ་རྒྱུས་ཀྱི་གནས་སྟངས་ལ་བལྟས་ན། རང་གི་ཕ་ཡུལ་སྡེ་དགེའི་སྐོར་ཞིག་འབྲི་དགོས་ཆགས་ཀྱི་འདུག་པས་སྡེ་དགེའི་ལོ་རྒྱུས་འགའ་ཞིག་ལ་དཔྱད་གཞི་བཞག་སྟེ་བྲིས་པ་ཤོག་གྲངས་ ༣༠༠ ཙམ་ཞིག་བྱུང་སོང་། དེ་བཞིན་བོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་འབྲི་ཁུལ་བྱས་པས་ད་ལྟ་བྲིས་ཟིན་པ་ཤོག་གྲངས་བརྒྱ་ཙམ་ཞིག་བྱུང་ཡོད།
          ད་བར་བྲིས་པའི་ལོ་རྒྱུས་རྣམས་ལོ་ཚིགས་དང་བསྟུན་ནས་བྲིས་ཡོད་པས་དོན་གནད་འགའ་ཞིག་གི་སྐོར་ལོ་གཅིག་ནང་མཇུག་མ་གྲུབ་པ་མང་པོ་ཡོད་སྲིད་ཀྱང་ལོ་ཁ་ཤས་ནང་རིམ་བཞིན་བལྟས་པ་ཡིན་ན་མཇུག་མ་ཚང་བ་འགོ་བཙུགས་བཞག་པ་དེ་འདྲ་དཀོན་པོ་ཡིན་བསམ་བསམ་ཡོད། ང་རང་མི་ཨུ་ཚུགས་ཚ་བོ་ཞིག་ཡིན་པ་ཨ་མས་བཤད་མྱོང་ལ་དེ་ལྟ་བུ་ཞིག་ཡིན་པས་ད་བར་གང་བྲིས་པ་རྣམས་ཆ་མ་ཚང་བ་དེ་འདྲ་བྱུང་མེད་བསམ་བསམ་ཡིན།
          ངས་བྲིས་པའི་བོད་ཀྱི་ལོ་རྒྱུས་སོགས་ཀྱི་ནང་བོད་ལ་གོད་ཆག་བྱུང་སྐོར་སོགས་ངན་ཕྱོགས་ཀྱི་རྣམ་པ་འབུར་དུ་ཐོན་ཐབས་བྱས་ཡོད། དེ་བཞིན་ཆོས་ཕྱོགས་ནས་བཤད་ནའང་བོན་པོ་སོགས་བོད་པའི་ལོ་རྒྱུས་ནང་ངན་ཕྱོགས་སུ་བཤད་ཅིང་རང་ཕྱོགས་སུ་བཟང་པོར་འདོད་པའི་བལྟ་ཚུལ་ཁག་ལ་འདོད་པ་མེད། ལོ་རྒྱུས་བྲིས་ཟིན་པ་རྣམས་དེབ་བཟོས་ནས་ཕལ་ཆེར་དེབ་གྲངས་བཅུ་ཙམ་ཡོང་ས་ཡོད། འདི་རྣམས་ལ་ཞུ་དག་དང་རོགས་པ་གནང་མཁན་ཕན་ཐོགས་པ་ཞིག་ད་བར་མ་བྱུང་བས་ངས་ནི་༸གོང་ས་མཆོག་ལ་དགོངས་སྐོར་ཞུས་ཏེ་པར་སྐྲུན་དང་ཞུ་དག་སོགས་ཀྱི་ལས་ཀ་བོད་ཀྱི་དཔེ་མཛོད་ཁང་ལ་རྩིས་སྤྲད་བཞག་ན་མ་གཏོགས་དཀའ་ལས་ཁག་པོ་དང་མཇུག་བསྡུ་ཐུབ་ས་མ་རེད་བསམ་བསྡད་ཡོད། ཀམ་པུའུ་ཊར་དུ་འཇུག་རྒྱུ་ནི་ང་རང་གི་ཚ་བོས་བྱེད་ཀྱི་ཡོད། ལོ་ཤས་སྔོན་རྒན་འཇིགས་མེད་དབང་རྒྱལ་ལགས་སུ་ཞུ་དག་སོགས་ཀྱི་རོགས་རམ་ཆེད་ཡིག་སྣོད་ཁག་གཅིག་ཕུལ་བ་ཡིན་ནའང་རྒན་ཁོང་བྲེལ་ཟིང་ཆེ་བ་དང་། ཁོང་གི་སར་འགྲོ་སྡོད་བྱེད་མཁན་མང་བས་ཇི་འདྲ་ཆགས་ཡོང་བསམ་ནས་ཡིག་སྣོད་རྣམས་མར་བླངས་བ་ཡིན།
          ད་ལྟ་ཁྱེད་ཀྱིས་རོགས་པ་བྱེད་རོགས་གནང་རྒྱུ་ཡིན་གསུང་དུས་དང་པོ་བྲིས་བཞག་པ་རྣམས་ཤོག་ཐོག་ཏུ་པར་བསྐྲུན་བྱས་ཏེ་གོང་འོག་འཆུག་པ་དང་། ཚིག་སྦྱོར་མ་བདེ་བ། མ་དག་པ་བཅས་ལ་ཁྱེད་ནས་གཟིགས་ཞིབ་གནང་ཚར་རྗེས་རིམ་བཞིན་དཔེ་མཛོད་ལ་སྤྲད་པ་ཡིན་ན་དང་པོ་སོ་སོ་རང་རང་གི་ཡིད་ཆེས་པའི་མི་ཞིག་ནས་བལྟས་ཟིན་པ་ཡིན་དུས་ང་རང་ཡང་བློ་བདེ་པོ་ཡོང་ས་རེད།
          ངས་བྲིས་པ་ཕལ་ཆེར་སྐུ་ངོ་རྟ་ར་བ་མཆོག་ལ་སྤྱན་འབུལ་ཞུས་ཟིན་པ་ཡིན་པས་ཁོང་ནས་ཡུལ་སྐད་སོགས་གོ་དཀའ་བ་འགའ་ཞིག་དམར་རྟགས་བསྐྱོན་གནང་འདུག དེབ་འབྲི་སྟངས་དང་གོ་རིམ་སྒྲིག་སྟངས་སོགས་ལ་དགོངས་འཆར་དམིགས་བསལ་གནང་མ་སོང་། ཁོང་ཡི་གེ་འབྲི་རྒྱུ་སོགས་ལ་རྒྱུས་མངའ་ཆེན་པོ་ཡོད་ཀྱང་དེབ་འབྲི་རྒྱུའི་སྐོར་ལ་ཐུགས་རྒྱུས་ཡོད་པ་དེ་འདྲ་གང་ཡང་མ་རེད། ད་དུང་ངའི་ལོ་རྒྱུས་བལྟ་མཁན་འགའ་ཞིག་ནས་ཁྱོད་རང་གི་ལོ་རྒྱུས་དེ་སྤྱི་ཚོགས་ནང་བཀྲམས་རྗེས་རྙོག་གྲ་འགའ་ཡང་སློང་ཉེན་འདུག་ཟེར་མཁན་བྱུང་བས་ད་དུང་སྤྱི་ཚོགས་ནང་རྙོག་བྱུང་བའི་གནས་ཚུལ་འགའ་ཞིག་འགོད་དགོས་མིན་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངའི་ལོ་རྒྱུས་ནང་རྫུན་མ་ཅི་ཡང་བྲིས་མེད་པས་གནས་ཚུལ་ཆུང་རིགས་འགའ་ཞིག་སྤྱི་ཚོགས་ནང་གསལ་པོར་བཟོ་དགོས་ལ་སོང་། ང་མ་ཤི་སྔོན་ནས་ངའི་ལོ་རྒྱུས་འདི་པར་བསྐྲུན་བྱ་ཐུབ་ན་ཡག་ས་རེད་བསམ་གྱི་ཡོད། ༡༩༩༢ ཚུན་གྱི་ལོ་རྒྱུས་འབྲི་མ་ཐུབ་ནའང་མི་གཞན་པ་ཞིག་གིས་དགོས་མཁོར་མཐོང་ན་མཇུག་སྐྱེལ་སྲིད་པའང་ཡིན་པས་ཧ་ཅང་གལ་ཆེན་པོ་གང་ཡང་མཐོང་གི་མི་འདུག ད་ལྟ་བྲིས་ཟིན་པ་རྣམས་གང་མགྱོགས་མཇུག་བསྒྲིལ་ཐུབ་ན་བསམ་གྱི་ཡོད། པར་སྐྲུན་བྱ་རྒྱུའི་སྐོར་ལ་འབྲེལ་བ་བྱེད་མཁན་ཁ་ཤས་བྱུང་སོང་ཡང་འདི་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཅིག་ཡིན་སྟབས་བོད་ཀྱི་དཔེ་མཛོད་ཁང་རང་ལ་འབུལ་བཞག་དགོས་བསམ་གྱི་ཡོད་སོགས་གསུངས།
ཕྲན་སྨོན་ལམ་མཐར་ཕྱིན་པས། ངས་ཁྱེད་རང་གི་ལོ་རྒྱུས་སྐོར་ལ་ཕྱག་རོགས་ཞུ་དགོས་དོན་ནི། ཁྱེད་ཀྱི་ལོ་རྒྱུས་འདི་ཉིད་བོད་བསྟན་པ་ཆབ་སྲིད་ལ་བྱས་རྗེས་ཅན་གྱི་མི་སྣ་ཞིག་གི་ལོ་རྒྱུས་སོང་ཙང་སྤྱིར་བོད་གངས་ཅན་པ་སྤྱི་ཡི་མཛད་རྗེས་དང་བྱེ་བྲག་བཙན་བྱོལ་བོད་གཞུང་གི་མཛད་རྗེས་གསལ་བའི་གལ་ཆེའི་ལོ་རྒྱུས་འདི་ཉིད་སྤུས་གཙང་ཞིག་བྱུང་ན་བསམ་པ་དང་། ང་རང་ཡང་ད་བར་ཞུ་དག་དང་དེབ་པར་སྐྲུན་སོགས་ཀྱི་ལས་ཀར་རོགས་འདེགས་ཞུ་མྱོང་བས་ལས་ཀ་འདི་འཚམས་པོ་ཞིག་དང་ལས་ཞོར་གུང་གསེང་རྣམས་ལ་དམིགས་བསལ་ལས་དོན་མེད་པས་ཞབས་ཞུ་བསྒྲུབ་ཐུབ་ན་བསམ་བྱུང།
          ཁྱེད་ཀྱི་ལོ་རྒྱུས་ཞུ་དག་སོགས་ལ་རྒན་འཇིགས་མེད་དབང་རྒྱལ་ལགས་ནས་ཕྱག་རོགས་གནང་གི་ཡོད་ཚུལ་ཞིག་གོ་ཐོས་བྱུང་། ཁོང་ནི་ལས་ཀ་འདི་རིགས་གནང་ཤེས་མཁན་ཞིག་དང་གནང་ཐུབ་མཁན་ཞིག་ཡིན་ནའང་ཁོང་ལ་དུས་ཁོམ་དཀའ་བས་ག་འདྲ་ཞིག་ཆགས་ཀྱི་ཡོད་ན་བསམ་མྱོང་། ཆབ་མདོ་ཤེས་རབ་ལྟ་བུ་ཞིག་ལ་ཞུས་ན་བསམ་པའང་བྱུང་།
          ཁྱེད་ཀྱི་ལོ་རྒྱུས་འདི་ཉིད་ཀྱི་གུང་བསྒྲིག་རྒྱུ་དང་། དཀར་ཆག་བཟོ་རྒྱུ། ཞུ་དག་བྱ་རྒྱུ་སོགས་ང་ཚོས་གང་འཚམས་གྲུབ་རྗེས་པར་སྐྲུན་བྱ་རྒྱུ་དེ་བོད་ཀྱི་དཔེ་མཛོད་ཁང་ལ་ཕུལ་ན་བསམ་གྱི་འདུག ཁྱེད་ཀྱི་ལོ་རྒྱུས་ནང་ ༡༩༧༩ ནས་བོད་རྒྱ་ཞི་མོལ་གྱི་བྱུང་རིམ་རྣམས་གསལ་པོར་འགོད་གནང་སྟེ་སྐུ་ཚབ་སོ་སོའི་ཐུགས་འགན་ཡང་ཞིབ་གསལ་དགོས་འདུག་པ་དང་། རྙོག་གླེང་སོགས་ཀྱི་གནས་ཚུལ་བྱུང་རིགས་རྣམས་ཇི་བཞིན་བཀོད་པ་ཡིན་ན་སྤྱི་ཚོགས་ཐོག་གནས་སྐབས་གླེང་སློང་འབྱུང་སྲིད་ཀྱང་གཟུར་གནས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཆག་འཇོག་སྲིད་པ་དང་། བདེན་པའི་མཐའ་རིམ་བཞིན་གསལ་བར་འགྱུར་རྒྱུ་ཡིན་པས་ཤེས་མཁན་རྣམས་ཀྱིས་མ་བྲིས་ན་སྤྱི་ཚོགས་ཐོག་རྫུན་བཤད་བཞིན་པ་རྣམས་ལ་བདེན་ཁ་ཐོབ་ཉེན་ཡོད།
          དེ་བཞིན་༸གོང་ས་མཆོག་གི་མཛད་རྣམ་གསེར་གྱི་ཡང་སྙིང་དང་། ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང་འོད་སྟོང་འབར་བའི་མི་ཚེ་ཞེས་པའི་དེབ་གཉིས་ཀྱི་ནང་གི་ཞན་ཆའི་སྐོར་འགའ་ཞིག་ཞུས།
བཀའ་བློན་ཁྲི་ཟུར་མཆོག་ནས། ལོ་རྒྱུས་དྲང་པོར་སྨྲ་རྒྱུ་དེ་གལ་ཆེ་ལ་སོང་། ངའི་ལོ་རྒྱུས་ནང་གནས་ཚུལ་ཇི་མ་ཇི་བཞིན་ལས་འཁྱོག་པོར་བཤད་ཡོད་བསམ་བསམ་མེད།    ང་ཚོ་ ༡༩༧༩ ལོར་ཁྲེན་ཏུར་ཕྱིན་སྐབས་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྒྱ་རྒན་ཞིག་དང་། འགན་ཁུར་བ་འབའ་བ་བཀྲ་ཤིས་ཚེ་རིང་། དམུ་དགེ་བསམ་གཏན་སོགས་དང་བཞུགས་མོལ་ཚོགས་འདུའི་སྐབས་ངས་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་བོད་གངས་ཅན་པའི་ཆོས་དེ་བོན་པོ་ཡིན་སྐོར་དང་། བོན་པོའི་སྐོར་ལ་ཐུགས་བསམ་བཞེས་དགོས་གནས་བཤད་པས་དམུ་དགེ་བསམ་གཏན་གྱིས་ཞལ་བཞེས་གནང་གི་མི་འདུག་ལ་ཐུགས་དགོངས་ཀྱང་ཚོམ་སོང་། ད་དུང་ངས་བོད་ཀྱི་རྒྱལ་པོ་སྟག་རི་གཉན་གཟིགས་སྐབས་ད་ལྟ་ནང་བཞིན་གྱི་བོད་སྨན་ཕྱུག་པོ་ཡོད་པ་དང་། སྲོང་བཙན་སྒམ་པོའི་སྐུ་ཚེའི་སྟོད་བལ་ཡུལ་དང་རྒྱ་ནག་སོ་སོར་བཀའ་ཡི་སྒྲོམ་བུ་བསྐུར་ཚུལ། བོན་པོའི་ཡི་གེ་སྔོན་མ་ངས་ཅུང་སྦྱངས་མྱོང་བས་གཅིག་ར་སྟ་གཉིས། གཅིག་ཕྱི་ལོག་བཞི་ཟེར་བ་སོགས་ཁྱད་མཚར་འགའ་ཡོད་པས་ཐོན་མིས་བོད་ཡིག་བཟོས་ཟེར་སྲོལ་ཡོད་ཀྱང་། སྲོང་བཙན་ཡར་སྔོན་ནས་བོད་ལ་ཡི་གེ་ཡོད་ཐག་ཆོད་རེད་འདུག་ཅེས་བཤད་པས་དམུ་དགེ་བསམ་གཏན་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པས་རྒྱ་བལ་གཉིས་སོ་སོར་རྒྱ་ཡིག་དང་བལ་ཡིག་གཉིས་སོ་སོར་བཏང་བ་རེད་མ་གཏོགས་དེའི་སྔོན་བོད་ལ་ཡིག་གེ་མེད་ཆག་ཆོད་རེད་ཟེར་ནས་ཐུགས་རྒྱལ་ཆེན་པོ་བཞེངས་ཀྱི་འདུག་ཀྱང་། ད་དུང་ངས་བོད་ཀྱི་ལོ་རྒྱུས་དང་ཁྱད་པར་དུ་བོད་ཡིག་འདི་ཉིད་དགུང་ལོ་ཆེ་ཙམ་བྱུང་བ་ཡིན་ན་འཛམ་གླིང་ལོ་རྒྱུས་ཁྲོད་གཟི་བརྗིད་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། ད་ལྟ་བོད་ཀྱི་སྐད་ཡིག་འདི་ཨང་ལྔ་པར་ཚུད་ཀྱི་ཡོད་གནས་འདུག་པ་དེ་དག་ལས་གོང་འཕེལ་ཞིག་འགྲོ་རྒྱུ་ཡིན་སྐོར་བཤད། ངས་གང་བཤད་པ་རྣམས་ལས་མང་ཆེ་བ་རྣ་ཐོས་ཙམ་ལས་ལོ་རྒྱུས་ཁུངས་འཁྱོལ་ཞིག་དང་ཁུངས་ཐུབ་ཀྱི་འགྲེལ་བཤད་ཅིད་རྒྱག་དཀའ་བ་ཡིན་ཀྱང་ཁོ་ཚོ་མང་ཆེ་བས་དོ་སྣང་གང་ཆེ་གནང་བ་མ་ཟད་འབའ་བཀྲ་ཤིས་ཚེ་རིང་གིས་ད་ནས་ང་ཚོས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་ཆོས་ལུགས་སོགས་ལ་ཕྱིར་བལྟས་ཀྱིས་བསྐྱར་ཞིབ་མ་བྱས་རང་བྱས་ཆགས་འདུག་ཟེར་ནས་ངོས་ལེན་ཡག་པོ་གནང་སྟེ་དམུ་དགེ་བསམ་གཏན་གྱིས་བཤད་པ་རྣམས་ལ་བདག་པོ་དེ་ཙམ་བསྐྱོན་མ་སོང་། ཕྱིས་སུ་དམུ་དགེ་བསམ་གཏན་ལྷ་སར་འབྱོར་སྐབས་ཐུབ་བསྟན་རྣམ་རྒྱལ་ཁོ་མི་གྱོང་པོ་ཞིག་ཡོད་རེད། ཁོས་འདི་ལྟར་བཤད་རེད་ཟེར་ནས་ངས་སྔོན་མ་བཤད་པ་འགའ་ཞིག་གི་སྐོར་གླེང་སློང་གནང་སོང་ཟེར།
          ༡༩༧༩ ལོར་ང་ཚོ་ལྟ་སྐོར་ཚོགས་པ་རྒྱ་ནག་དང་བོད་ནང་དུ་འགྲོ་མ་རན་བར་གསང་བ་བྱས་ཏེ་འགྲོ་ཆོག་ཆོག་བྱས་ཟིན་ནས་ཉི་མ་གཉིས་ཀྱི་སྔོན་གཞི་ནས་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནང་གསལ་བཤད་སྐབས་མདོ་སྨད་སྤྱི་འཐུས་སྐལ་ལྡན་གྱིས་འཇུ་ཆེན་ཐུབ་བསྟན་ཕྱིན་ན་རྩ་བ་ནས་འགྲིག་གི་མེད་ཟེར་གྱི་འདུག ངས་གོང་མའི་བཀའ་འབྲེལ་ལྟར་འགྲོ་རྒྱུ་ལས་ང་རང་སྒེར་ངོས་ནས་འགྲོ་འདོད་བྱས་བཞག་པ་གང་ཡང་མིན་ཚུལ་དང་། བཟང་ངན་གྱི་གནས་ཚུལ་ག་འདྲ་ཞིག་བྱུང་ནའང་ངས་འགན་ཁུར་དགོས་ཤིང་འགྲོ་རྒྱུའི་ཐག་བཅད་ཟིན་ནས་གནངས་ཉིན་ཐོན་དགོས་ཡོད་པས་ད་ལྟ་དེའི་སྐོར་ལ་བཤད་རྒྱུ་གང་ཡང་ལྷག་མེད། ང་ཚོ་ཕར་ཕྱིན་པའི་རྗེས་ཕ་གིར་ལྷག་མདོག་མ་རེད་ལ། ང་ཚོ་ཚུར་སླེབས་ཟིན་རྗེས་གནས་ཚུལ་ཚང་མའི་སྐོར་ལ་སྐད་ཆ་ལྷོད་ལྷོད་བྱེད་ཆོག་གི་རེད། ཅེས་བཤད་པ་ཡིན། ང་ཚོ་རྡ་རམ་ས་ལ་ནས་ཕྱིན་སྐབས་བོད་གཞུང་མང་གཉིས་ཀྱིས་སྐྱེལ་མ་གནང་ཞིང་རིམ་བཞིན་ཧོང་ཀོང་དུ་སོང་བ་ཡིན། བློ་བཟང་བསམ་གཏན་ཉིན་ཤས་སྔོན་ནས་ཧོང་ཀོང་ལ་ཕྱིན་ཡོད་ཀྱང་ང་ཚོ་ཕར་གིར་སླེབས་ནས་རྒྱ་ནག་ལ་འགྲོ་ཆོག་མ་རེད་ཟེར་གྱི་འདུག ང་ཚོའི་ལག་འཁྱེར་སེར་པོ་ཡིན་ཞིང་ཧོང་ཀོང་དེ་དུས་དབྱིན་ཇིས་བཟུང་ཡོད་རེད། བློ་བཟང་བསམ་གཏན་ལགས་ཀྱིས་ད་རྒྱ་གར་ལ་ཕྱི་ལོག་བྱས་ན་མ་གཏོགས་ཐབས་ཤེས་མི་འདུག་གསུང་གི་འདུག ངས་ག་འདྲ་བྱས་ནའང་ང་ཚོ་ད་ལན་རྒྱ་ནག་ལ་ཐེངས་གཅིག་འགྲོ་མ་ཐུབ་ན་རྩ་བ་ནས་འགྲིག་གི་མ་རེད་ཞུས་པ་ཡིན། མཐར་ཆུ་ཚོད་ཁ་ཤས་རྗེས་རྒྱ་ལོ་དོན་གྲུབ་འབྱོར་སོང་ཞིང་ང་ཚོ་རྒྱ་ནག་ལ་འགྲོ་ཐུབ་པ་རེད།
          རྒྱ་ནག་དང་བོད་ནང་ང་ཚོ་ཟླ་བ་ལྔ་འགོར་བ་རེད། དེའི་རིང་གི་གནས་ཚུལ་བཟང་ངན་ག་འདྲ་ཞིག་བྱུང་ནའང་འགན་ང་ལ་ཡོད་རེད་ལ་ང་ཚོའི་འགོ་གཙོ་དེ་ང་ཡིན་པ་རེད། ཡིན་ནའང་དེ་དུས་ང་ཚོ་བཙན་བྱོལ་ཁྲོད་ཀོང་པོ་མདོ་དབུས་ཀྱི་ཆོལ་ཁོངས་གང་དུ་གཏོགས་མིན་སྐོར་རྙོག་གྲ་ཡོད་པའི་སྐབས་ཡིན། ང་དེ་དུས་ཀོང་པོ་མདོ་སྟོད་ཁོངས་སུ་འདོད་མཁན་དང་ངའི་རོགས་པ་བློ་དར་དང་བཀྲ་ཤིས་སྟོབས་རྒྱལ་གཉིས་ཀོང་པོ་དབུས་ཁོངས་སུ་འདོད་མཁན་རེད་ལ་ཁོང་གཉིས་ང་ཚོའི་ཚིག་ཐོ་བསྐྱོན་མཁན་ཡང་རེད། ཁོང་གཉིས་ཀྱི་ཚིག་ཐོའི་ནང་ང་ཚོ་དང་རྒྱ་མིའི་དཔོན་རིགས་ཁག་གི་གླེང་མོལ་དང་མི་མང་ལ་གཏམ་བཤད་བྱས་པ་སོགས་ནང་ངས་བཤད་པ་རྣམས་མང་ཆེ་བ་བྲིས་མི་འདུག་ལ་བློ་བཟང་བསམ་གཏན་ང་ཚོའི་འགོ་ཁྲིད་ཡིན་པའི་བཟོ་འདྲ་བྲིས་འདུག ང་ཚོ་ཚུར་འཁོར་སྐབས་བོད་གཞུང་མང་གཉིས་ནས་བསུ་མ་གྲ་རྒྱས་པོ་ཞིག་གནང་སྟེ་གསོལ་སྟོན་སོགས་གོ་སྒྲིག་གནང་སོང་བ་རྣམས་ང་ཚོགས་ཆུང་དེའི་འགོ་གཙོ་ཡིན་པའི་ངོས་ནས་གནང་བ་ཞིག་ལ་ངོས་འཛིན་དང་ང་ཚོའི་ལས་འགན་ཡང་ལེགས་གྲུབ་བྱུང་འདུག་སྙམ་པའི་དགའ་སྤྲོ་ཡང་ཤུགས་ཆེན་འཕེལ་སོང་།
          འདིར་སླེབས་རྗེས་གནས་ཚུལ་རྣམས་༸གོང་ས་མཆོག་དང་ཆེས་མཐོའི་རྒྱུན་ལས་བཅས་སུ་ཞུས་པ་ཡིན་ཞིང་། མང་ཚོགས་ལ་ཉིན་གསུམ་རིང་གསལ་བཤད་བྱས་པ་ཡིན། ཚང་མས་ཐུགས་དགྱེས་ཚོར་ཆེན་པོ་གནང་གི་འདུག དེ་རྗེས་ཉིན་ཞིག་བཀའ་དྲུང་བསོད་ནམས་སྟོབས་རྒྱལ་དང་། བདེ་དྲུང་བྱམས་པ་སྐལ་ལྡན་གཉིས་ངའི་ནང་དུ་ཡོང་ནས་ནང་མོལ་ཡིན་སྐད་ཀྱིས་བཀྲ་ཤིས་སྟོབས་རྒྱལ་ནས་བོད་དུ་གཟིགས་སྐོར་ཕྱིན་སྐབས་ཁྱོད་རང་གི་མ་འགྲིག་པའི་ཚུལ་མང་པོ་ཞིག་རྒྱུན་ལས་ཚོགས་འདུའི་ནང་བཤད་འཆར་འདུག་ཀྱང་ངེད་གཉིས་ཀྱིས་མ་བཤད་རོགས་བྱས་པ་ཡིན་ཟེར་གྱི་འདུག ད་དུང་བློ་དར་ལགས་སུ་བཤད་རྒྱུ་ཡོད་ཚུལ་འདུག་ཟེར། ངས་ཁྱེད་རྣམ་གཉིས་ནས་ང་ལ་བསམ་དཀར་དང་ནང་ཚགས་དངོས་གནས་གནང་ཐག་ཆོད་ཡིན་ན་ཁོང་གཉིས་ལ་ག་རེ་བཤད་རྒྱུ་འདུག་ན་བཤད་བཅུག་རོགས་གྱིས། དེ་མིན་བཤད་རྒྱུ་འདྲ་མིན་འདུག་ཟེར་ཏེ་སྤྱི་ཚོགས་ནང་ལ་བཀྲམ་ན་འགྲིག་གི་མ་རེད། བློ་དར་ལགས་ནི་སྤྱི་འཐུས་ཚོགས་གཞོན་དང་བཀྲ་ཤིས་སྟོབས་རྒྱལ་ནང་སྲིད་དྲུང་ཆེ་ཡིན་པས་ཁོང་གཉིས་ཀ་རྒྱུན་ལས་ནང་ཡོད་ཡོད་རེད། ཁོང་གཉིས་ཀྱིས་བཤད་སོང་ན་ངས་གསལ་བཤད་བྱ་ཆོག་གི་རེད། དེ་ཡིན་དུས་ངེས་པར་དུ་བཤད་བཅུག་རོགས་གྱིས་བཤད་པ་ཡིན། དེ་རྗེས་རྒྱུན་ལས་ནང་ངའི་རོགས་པ་གཉིས་དང་སྤྱི་འཐུས་སྐལ་ལྡན་བཅས་ཀྱིས་འདིའི་སྐོར་ལ་སྐད་ཆ་ཞིག་ག་དུས་བཤད་ཡོང་སྙམ་སྟེ་ངང་སྒུག་བྱས་ཀྱང་སུ་གང་གིས་བཤད་ཀྱི་མི་འདུག
          ང་ཚོ་བོད་དུ་ཕྱིན་པའི་སྐོར་གྱི་བརྙན་འཕྲིན་འཁོར་ཐག་ཅིག་ཕྱོགས་བསྒྲིགས་བྱས་པ་རེད། དེའི་ལས་ཀ་ཕལ་ཆེར་བློ་དར་ལགས་ཀྱིས་གནང་སྟེ་འགྲེལ་བཤད་དང་རྩོམ་བྲིས་ནང་ང་ཚོའི་འགོ་གཙོ་དེ་བློ་བཟང་བསམ་གཏན་ཡིན་པའི་བཟོ་འདྲ་བྱས་ཡོད་རེད། ཡིན་ནའང་དངོས་བྱུང་གི་འཁོར་ཐག་དེ་མར་བལྟ་ཡོང་དུས་ང་ཚོའི་འགྲོ་ལུགས་འདུག་སྟངས་དང་མི་མང་ལ་སྐད་ཆ་བཤད་སྟངས་སོགས་ནས་ང་ཚོའི་འོག་གཙོ་དེ་ང་ཡིན་པ་རང་བཞིན་གྱིས་གསལ་ཡོང་གི་རེད། མདོར་དོན་ང་རང་ནམ་རྒྱུན་ནས་སྤྱི་ཚོགས་ཐོག་བློ་ཁོག་ཆེ་ཙམ་བྱས་ཏེ་འདུག་བཞིན་པ་ཡིན་ལ་ད་ལན་མི་ཚོས་འགྲེལ་བཤད་ག་འདྲ་བྱས་མིན་ལ་མ་ལྟོས་པར་ང་ཚོའི་ལས་དོན་དེ་གང་ལེགས་བྱུང་ཡོད་པ་དེ་ནི་ལོ་རྒྱུས་ཐོག་བསུབ་ཏུ་མེད་པར་བསྡད་ངེས་ཡིན་པར་བསམ་སྟེ་སུ་གང་ལའང་དམིགས་བསལ་གསལ་བཤད་བྱས་མེད། ང་ཚོའི་གྲུབ་འབྲས་གང་ལེགས་སོན་ཡོད་པ་ནི་མི་ཀུན་གྱིས་བཤད་བཞིན་ཡོད་ལ། ལྷག་ཏུ་སྤྱི་འཐུས་སྐལ་ལྡན་སོགས་ཀྱིས་མ་འགྲིག་པའི་སྐད་ཆ་གང་ཡང་མ་བྱུང་བ་དེས་ཀྱང་ཁོ་ཚོས་སྐྱོན་ཞིག་ངོས་མ་ཟིན་པར་བསམ། ང་ཚོའི་འགོ་གཙོ་སུ་ཡིན་སྐོར་ག་འདྲ་བཤད་ནའང་བྱས་རྗེས་ཤིག་ལས་སྐྱོན་འདོགས་སོགས་མ་བྱུང་བ་དེས་ངས་བོད་བསྟན་པ་ཆབ་སྲིད་དང་གཞིས་བྱེས་བོད་མིའི་དབར་གྱི་འབྲེལ་ལམ་ལ་ཕན་ཞིག་ཐོགས་སོང་བ་དེ་མི་ཚེའི་ནང་གི་བྱས་རྗེས་ཕྲན་བུ་ཞིག་ཏུ་ངོས་འཛིན་ཆོག་པ་ཡིན། གལ་སྲིད་ང་ཚོས་མ་འགྲིག་པའི་གནས་ཚུལ་ཞིག་བྱུང་ཡོད་ན་བོད་པའི་སྤྱི་ཚོགས་ནང་འགོ་ཁྲིད་མཁན་འཇུ་ཆེན་ཐུབ་བསྟན་ཡིན་པ་དང་མ་འགྲིག་མ་འཐུས་པ་རྣམས་ཁོས་བྱུང་བ་རེད་ཟེར་ཐག་གཅོད་ཡིན་ཀྱང་དེ་འདྲ་ཚིག་གཅིག་མ་བྱུང་བ་དེས་ང་བློ་ཡིད་ཚིམས་ནས་བསྡད་ཡོད། ད་དུང་ང་བོད་ལ་ཕྱིན་སྐོར་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་རྡ་ས་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོའི་སྐབས་མང་ཚོགས་ལ་གསལ་བཤད་བྱས་པ་ཡིན། དེའི་སྐོར་དེ་ད་ལྟ་ངའི་ཡིད་ངོར་འཆར་བཞིན་འདུག་ཀྱང་ལོ་རྒྱུས་ནང་ཇི་ཙམ་བྲིས་ཡོད་མེད་གསལ་པོར་དྲན་གྱི་མི་འདུག སྤྱིར་བཏང་བོད་ལ་ཕྱིན་སྐོར་གྱི་དྲན་པ་གང་སོས་པ་རྣམས་ཞིབ་ཙམ་བྲིས་ཡོད་བསམ་བསམ་ཡིན།
          ལོ་རྒྱུས་འབྲི་སྐབས་དྲང་པོ་དགོས་པ་ནི་གལ་ཆེའི་ནང་གི་གལ་ཆེ་རེད། དཔེར་ན་ལོ་ཤས་སྔོན་སྐུ་སྒེར་ཡིག་ཚང་དུ་གནས་སྡོད་ཐད་བསྐོས་སྤྱི་འཐུས་ཨ་མདོ་བློ་བཟང་སྙན་གྲགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་ཞིག་བྲིས་འདུག་པ་དེའི་ནང་མདོ་སྨད་ཀྱི་ས་ཆའི་སྐོར་ལ་བསྟོད་པ་རྒྱ་ཆེར་བྱས་ཏེ་༸གོང་ས་སྐུ་ཕྲེང་ ༡༤ པ་དང་། པཎ་ཆེན་སྐུ་ཕྲེང་ ༡༠ པ་འཁྲུངས་ཡུལ་ཡིན་པས་མདོ་སྨད་གཉིས་ལས་ཀྱང་མདོ་སྨད་ཁྱད་པར་འཕགས་ཚུལ། བོད་གཞུང་གི་སྐུ་དྲག་ཡོད་ཚད་མ་རབས་ཡིན་ཚུལ། རྒྱལ་པཎ་གཉིས་ཨ་མདོ་ཡིན་པས་མཆོག་ཏུ་གྱུར་ཚུལ་སོགས་མང་པོ་བྲིས་འདུག་པ་ལྟར་སྔ་བསམ་ཕྱི་བློ་གང་ཡང་མ་བཏང་བར་ཕྱོགས་ཤེད་རྐྱང་པས་རྩ་བ་ནས་འགྲིག་གི་མེད། དེའི་སྐོར་ཤེས་རིག་ལས་ཁུངས་ནས་ཡིན་པའི་ཨ་མདོ་མི་གཉིས་ངའི་སར་སླེབས་སོང་བ་དེ་གཉིས་དང་མི་གཞན་ལའང་འགྲེལ་བཤད་བརྒྱབ་པ་ཡིན། ངས་འགྲེལ་བཤད་ག་འདྲ་བརྒྱབ་པ་ཡིན་ཟེར་ན། ད་ལྟའི་རྒྱ་པཎ་གཉིས་འཁྲུངས་པའི་ས་ཆ་ཁྱད་པར་འཕགས་ཀྱི་ཡོད་ན་ད་ལྟའི་བར་གྱི་སྐུ་ཕྲེང་རིམ་བྱོན་རྣམས་འཁྲུངས་ཡུལ་མདོ་དབུས་ཁམས་གསུམ་གྱི་ས་ཆ་རྣམས་ག་འདྲ་ཞིག་ཡིན་འགྲོ། དེ་བཞིན་བོད་སྡེ་པ་གཞུང་གི་སྐུ་དྲག་ཚོས་དཀའ་ངལ་བསྐྱོན་ཏེ་སྐད་གྲགས་ཅན་གྱི་རྒྱལ་པཎ་འདི་གཉིས་གསོ་སྐྱོང་བྱས་པ་མ་ཟད། ༸གོང་ས་མཆོག་ངོས་འཛིན་གནང་སྐབས་ཟི་ལིང་རྨཱ་པུ་ཧྥུང་ལ་དངུལ་དྭ་ཡང་དོ་པོ་མང་པོ་སྤྲད་དེ་མི་རྒྱུ་གཉིས་ཀས་འགྲོ་གྲོན་གཏོང་སྐབས་མདོ་སྨད་ནས་དཀའ་ངལ་ཅི་ཡང་བརྒྱབ་མེད་ལ་དངུལ་དངོས་ཀྱང་དེ་བས་བཏང་མྱོང་མེད་པས་དེ་ཚོ་ལ་བཀའ་དྲིན་བསམ་ཤེས་དགོས་པར་བཤད་པ་ཡིན། ཁོང་རྣམ་པ་གཉིས་ལ་མཁྱེན་དཔྱོད་རླབས་ཆེན་བྱུང་བ་འདི་རྣམས་ཀྱང་ཁོང་གཉིས་གསོ་སྐྱོང་དང་བདག་པོ་རྒྱག་མཁན་ཚོའི་དྲིན་ལས་ཁོང་གཉིས་མདོ་སྨད་ཡིན་པའི་གནས་ཚུལ་སོགས་གང་ཡང་མིན་པས་དེ་ཙམ་གྱིས་བསམ་ཤེས་བྱེད་ཐུབ་མི་འདུག་ཅེས་བཤད་པ་ཡིན།
          ད་དུང་ཕྱི་དྲིལ་ལས་ཁུངས་སུ་ལས་ཀ་བྱེད་མཁན་ཨ་མདོ་(པདྨ་ཚེ་རིང)ཞིག་གིས་ལོ་ཤས་སྔོན་བོད་ཀྱི་ཁོར་ཡུག་གནས་སྟངས་དང་རྩྭ་ཆུ་རི་བྲག་སོགས་ཀྱི་སྐོར་བྲིས་འདུག་པ་དེའི་ནང་བོད་ཁུལ་གྱི་རྩྭ་མེད་ས་ལ་རྩྭ་དང་། ཆུ་མེད་སར་ཆུ་ཡོད་སྐོར། དེ་བཞིན་སོག་པོ་ཨོ་རོད་དང་ཧ་སག་ཁ་བ་དེ་ཚོར་ནགས་ཚལ་ཡོད་ཚུལ་སོགས་བྲིས་འདུག ད་དུང་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་དང་། བྱང་གི་གནམ་མཚོ། མ་པང་གཡུ་མཚོ། མཚོ་སྐྱ་རེངས་སྔོ་རེངས་སོགས་ཀྱི་མཐའ་ཁྱོན་དང་གཏིང་ཚད། མཐའ་ན་ལྗིད་ཚད་སོགས་བྲིས་འདུག་པ་དེ་ལྟ་བུ་ཁུངས་ལྡན་གྱི་ལོ་རྒྱུས་ཤིག་ཏུ་འགྱུར་དཀའ་འདུག དཔེར་ན་ཚན་རིག་པ་འདི་དང་དེ་ལྟ་བུས་ཞིབ་འཇུག་བྱས་གནས་གསལ་ཡོད་ན་གཞི་འཛིན་ས་ཞིག་ཡོད་རེད། དེ་འདྲ་གང་ཡང་མི་འདུག་ཅིང་ད་དུང་༸རྒྱལ་བ་རིན་པོ་ཆེ་ནས་ངོས་སྦྱོར་གྱི་གསུང་འཕྲིན་ཞིག་ཀྱང་བསྩལ་གནང་མཛད་འདུག་པས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་བཀའ་ཟུར་ལྷན་འཛོམས་སར་ཞུས་ཡོད། གོང་དུ་དཔེར་མཚོན་བཞག་པ་ལྟ་བུའི་བསྟོད་སྨད་ཀྱི་འུད་བརྗོད་དང་ཁུངས་མེད་ཅིག་ཏུ་མི་འགྱུར་བའི་ཆེད་ང་རང་གི་ལོ་རྒྱུས་དེ་ཚད་ལྡན་ཞིག་ཡོང་རེའི་ཀུན་སློང་དུས་དང་རྣམ་པ་ཀུན་ཏུ་འཆང་བཞིན་ཡོད།
མི་རྣམས་ཀྱིས་ལོ་རྒྱུས་ཀྱི་བྱུང་རིམ་ལ་བསམ་བློ་གཏོང་མ་ཤེས་ན་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་ཉེན་འདུག སྔོན་མ་ང་ཚོས་འཛིན་སྐྱོང་གི་ལས་ཀ་བྱེད་སྐབས་༸སྐྱབས་མགོན་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་སྐོར་ཧ་ཅང་གལ་ཆེ་ཡིན་སྐོར་གསུང་གི་མ་རེད་ལ་ཐུགས་འདོད་དེ་ཙམ་གནང་གི་མ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་མི་ལོ་ ༣༦༠ འཁོར་བའི་དུས་དྲན་ཟེར་ནས་ལོ་གཅིག་རིང་བརྩི་སྲུང་བྱས་སོང་བ་དང་། ༸གོང་ས་མཆོག་ནས་ཀྱང་དགའ་ལྡན་ཕོ་བྲང་པར་ཆེ་བསྟོད་དང་བསྔགས་བརྗོད་མང་པོ་གནང་རྒྱུ་ཡོད་པ་ཞིག་ཆགས་སོང་། དུས་དྲན་མཛད་སྒོ་ཞིག་གི་སྐབས་སོག་པོ་གུ་ཤྲཱི་ཁང་དང་གཙང་པ་སྡེ་སྲིད་སྐོར་འཁྲབ་སྟོན་བྱས་པ་གློག་བརྙན་ཞིག་ལས་མཐོང་བྱུང་བར་སོག་པོས་གཙང་པ་སྡེ་སྲེད་སྐེ་གཅོད་སྐབས་རྩེད་ར་དེའི་ནང་ཡོད་པའི་བོད་མི་རྒན་གཞོན་ཚང་མས་དགའ་སྤྲོའི་ཐལ་མོ་ཧ་ཅང་གི་ཤུགས་ཆེན་པོ་ཞིག་བརྡབ་སོང་བས་འདི་ཚོས་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟ་ཤེས་ཀྱི་མི་འདུག་བསམ་པ་སོགས་བློ་ཕམ་ཆེན་པོ་བྱུང་སོང་ལ་མི་གཞན་ལའང་དེ་ལྟར་བཤད་ཀྱི་ཡོད།
བོད་ཀྱི་ལོ་རྒྱུས་གནས་སྟངས་ནས་བཤད་ན་བོན་པོ་རྣམས་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་རེད། ངས་ཁྱེད་རང་ཚོའི་དུས་དེབ་བོན་སྒོ་དེ་ཚོ་བཀླགས་པ་ཙམ་ལས་བོན་པོའི་ལོ་རྒྱུས་ལ་ཉམས་མྱོང་དམིགས་བསལ་གང་ཡང་མེད། བོན་སྒོ་དེ་ཚོ་སྔོན་མ་ནས་མངགས་ཉོ་ཞུས་པ་ཡིན། གསར་པ་དེ་ཚོ་ང་ལ་འབྱོར་མ་བྱུང་། སྤྱིར་བཏང་བོན་སྒོ་གསར་དུ་ཕྱིན་རིམ་བཞིན་དུ་ང་ལ་བལྟ་སྟངས་མ་འདྲ་བ་ཞིག་བྱུང་སོང་བས་ངས་དེའི་སྐོར་བྱ་དུར་བཟང་པོ་ལགས་སུ་ཞུ་མྱོང་། བོན་སྒོ་སྔོན་མ་དེ་ཚོའི་ནང་བརྡ་རྙིང་དང་བོན་ཚིག་རེད་བསམ་བསམ་དེ་འདྲ་མང་པོ་འདུག་ཀྱང་ཕྱིས་སུ་ཉུང་དུ་ཕྱིན་སོང་བའི་བཟོ་འདྲ་མཐོང་སོང་བས་ད་དུང་ཡང་སྔོན་མ་ནང་བཞིན་ཚིག་རྙིང་པ་དང་བརྡ་རྙིང་པ་དེ་ཚོ་འགོད་གང་ཐུབ་གནང་བ་ཡིན་ན་དགེ་མཚན་ཆེ་བར་འདུག དཔེར་ན་སྐད་གསར་བཅད་སྔོན་གྱི་བརྡ་འགྲོས་དང་མཐུན་པ་གང་མང་མང་བྱུང་ན་བསམ་བྱུང་། ཞེས་སོགས་གླེང་མོལ་ཞིབ་ཕྲ་བྱུང་བའི་རགས་ཟིན་སྙིང་བསྡུས་སུ། དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༠༦ ཟླ་ ༨ ཚེས་ ༢༧ ཉིན་ཡིག་ཐོག་ཏུ་ཕབ་པ་ཞིག་གོ །།

No comments: