Thursday, January 21, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བཅུ་གསུམ་པ།


༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག

གསར་བོན་གྱི་སྐོར།
          གསར་བོན་ལའང་ལུགས་དུ་མ་ཡོད་དེ། སངས་རྒྱས་གླིང་པ་བྱང་ཆུབ་རྡོ་རྗེའི་ལུགས། མི་ཤིགས་རྡོ་རྗེ། གཏེར་སྟོན་བདེ་ཆེན་གླིང་པའི་ལུགས། ཀུན་གྲོལ་འཇའ་ཚོན་སྙིང་པོའི་ལུགས་སོགས་ཡོད་དོ། །ཕྱིས་སུ་ཉག་གཏེར་གསང་སྔགས་གླིང་པར། ཡིག་ཆ་སྔགས་ཆོག་སོགས་བོན་རྙིང་དང་འདྲ་མིན་ཅི་རིགས་ཡོད། འདིའི་སྔགས་ཆོག་རྣམས་ཀྱི་བརྒྱུད་པའི་གཙོ་བོ་སྐུ་གསུམ་སངས་རྒྱས། དྲན་པ་ཡབ་སྲས་གསུམ་ཡིན་ཞིང༌། དེ་ཡང་ཡབ་དྲན་པ་ནམ་མཁའ། ཡུམ་འོད་ལྡན་འབར་མ། སྲས་ཚེ་དབང་རིག་འཛིན་དང་པདྨ་མཐོང་གྲོལ་ལམ་པདྨ་འབྱུང་གནས་ཡིན། ཕྱག་ལེན་གྱི་སྲོལ་རྙིང་མ་དང་མཚུངས་པ་མང་ངོ༌། །

 བོན་རྙིང་ལུགས་ཀྱི་ཆོ་གའི་གདངས་དབྱངས་སྐོར།
          ཆོ་ག་དང་གདངས་དབྱངས་རོལ་མོའི་སྐོར། གཤེན་ཀླུ་དགའི་གཏེར་སློབ་གྲས་ནས། གྲུབ་ཐོབ་སྤ་ཡི་ལུགས། དམ་པ་གཤེན་གྱི་ལུགས། རྒྱལ་སྲས་ཞུ་ཡི་ལུགས། མཁས་པ་རྨེའུའི་ལུགས། མཁས་ཆེན་བྲུ་ཡི་ལུགས། འདི་རྣམས་བོན་རྙིང་གི་གཙུག་རྒྱན་སྤྱི་རྗེ་ལྟ་བུ་ཡིན། དེའི་ནང་ནས་དེང་དུས་བར་མ་ཉམས་པ་སྲ་བརྟན་དུ་ཡོད་པ་ནི། བྲུ་དང་གཤེན་གཉིས་ཙམ་ཡིན་ནོ། །གཞན་ཡང་ཡུལ་ལུགས་ལ། ཧོར་མུ་ཁྲིའི་ལུགས། དཀར་རུ་ཡིད་བཞིན་ལུགས། མདོ་སྨད་སྤྱང་སྤྲུལ་ལུགས། དགེ་བཤེས་ནང་སོའི་ལུགས་སོགས་མང་ངོ༌། །

འདུལ་ཆས་སྐོར།
          པད་ཞུ། རྨད་གོས། རྨད་འོག །སྨད་ཤམ། པད་ལྷམ། སྟོད་གོས། གདེང་བ། པད་ཁུག །མཁར་གསིལ། ལྷུང་བཟེད། པད་ཕོར། ཕྲེང་བ། ཁབ། བཞར་གྲི། ཁྲུས་བུམ། །

སྔགས་ཆས་ནི།
          པྲ་ཕུད། གར་རྨོག །པྲོག་ཞུ། གཡང་གཞི། དཔྱང་བུ། ཀས་མ་ཧྲལ། གཙང་ལྷམ། སྐུ་ཆིངས། སྐུ་རྒྱན། གཞན་ཡང་ཞྭ་ཁྱུང་ལྡིང་མ། དཀར་མོ་རྩེ་རྒྱལ། སྟག་ཞུ། གཤེན་ཞུ། དབང་གོས། དབང་བེར། བེར་ནག །སྲུང་འཁོར། ལྕགས་ཆ། ཐུན་རྭ། ཐོད་ཕྲེང༌། གཡབ་དར། །

རྣལ་འབྱོར་པའི་བྱ་ཆ་སྣ་བདུན་ནི།
          སྟག་གདན། སྒོམ་ཐག །རྔུལ་གཟན། ཨང་གྷ་ར། ཌལ་སིལ། ཐོད་ཞལ། སྦ་མཁར་གཞན་ཡང་ཅོག་པུ། བེའུ་བུམ་སོགས་སོ། །

བུད་མེད་ཀྱི་ལུས་གོས་ཀྱི་སྐོར།
          འགོ་སྣམ་ཚོས་སྣ་དུ་མ་ལས་འཇའ་རིས་བརྩེགས་པའི་ཚར་སློག་ལུག་སློག །ར་སློག་སོགས་རས་སྣམ་ཕྱི་གཡོགས་དང་མཐར་སྲམ་ལྤགས་ཀྱིས་བརྒྱན་པ་སོགས་འབྱོར་བ་རབ་འབྲིང་ཐ་མའི་གོས། རས་སྣམ། འབུ་རས་སོགས་ཀྱི་སྟོད་གོས་དང་འགོ་སྣམ་ལས་བྱས་པའི་ལྷམ་གྱི་དབྱིབས་ལ་མི་འདྲ་བ་དུ་མ་ཡོད། ཞྭ་ཡང་ཚ་རུ། ཝ་ལྤགས་སོགས་ལས་བྱས་པ་རྣམས་སོ། །

ཕོ་ཡི་ལུས་གོས་ཀྱི་སྐོར།
          ཕོ་ཡི་ལུས་གོས་སྐོར། ཚར་སློག །ལུག་སློག །ར་སློག །ཁམས་འབྲོག་ཁ་ཤས་ཀྱིས་བེའུའི་པགས་པ་ལས་སློག་པ་བཟོ་བ་རེད། ལུགས་ལྤགས་ལི་རྒྱན་མ། དབྱར་རུ་མ། དབྱར་སློག །དགུན་སློག །ཚར་རུ་དར་རས་སོགས་ཀྱིས་གཡོགས་པ་ལ་རས་ནག་སྤུ་མ་སོགས་ཀྱི་རྒྱན་དང༌། སྲམ་གྱི་མཐའ་ཤན་ཅན། ཝ་དང་ཚར་རུ་སོགས་ཀྱི་པགས་རིགས་ལས་ཞྭ་མོ་ཕྱི་ནས་དབྱིབས་མཛེས་པར། ནང་དུ་རང་དྲོ་བའི་གོས་རིགས་དང༌། དེ་བཞིན་སྟོད་གོས། སྨད་འདུང་སོགས་ཡོད། །

ཡུལ་པའི་ལག་ཤེས་ཀྱི་སྐོར།
          ལྕགས་རྡོ། ཞ་རྡོ། དངུལ་རྡོ། ཟངས་རྡོ་སོགས་བཞུ་ནས། ལྕགས་ལས་ཏོག་ཙེ། སྟ་རེ། ཁྱིམ། གྲི་ཆེ་ཆུང༌། སྟེའུ། སྐེད་གྲི་རིང་ཐུང༌། གློ་གྲི། འབུག །མེ་ལྕགས། ཙག་ཁབ། མདའ། མདུང༌། ཁྲབ་རྨོག །ཕུབ་སོགས་དང༌། རྟ་ཆས། སྲབ། སྨད། ཡོབ། གོང་ཐག །སྒ་ཤན་སོགས་གསེར་དངུལ་གྱི་རྩི་བྱུག་པའི་རི་མོ་སེང་མ། འཇམ་རིས། གཞན་ཡང་མི་ཕོ་མོའི་ཆས་སོགས་ཀྱང་ལྕགས་ལས་བཟོས་པའི་སྤྲོས་མ་གསེར་དངུལ་གྱི་རྩི་བྱུག་པ། ཆབ་མ། ཤུབ་ཤན། སྙུག་གྲོགས། ཐིལ་ཚེ་སོགས་སོ། །ས་ལས་གསེར་དང༌། ཞ་ཉེ་དང༌། གཡུ་དང༌། མར་གད། ཤེལ་རྡོ།མཆོང༌། ཚོན་རིགས་སྣ་ཚོགས་འདོན་པ་རེད། །

ཤིང་ཆས་སྐོར།
          དབྱིབས་སྣ་ཚོགས་ཡོད་པའི་སྒམ་རིགས། མཆོད་ཁྲི། མཆོད་གཤོམ། ཅོག་ཙེ། ཡོ་ཆས་སུ་གཞོང་པ། གཟར་བུ། ཕོར་པ། སྒོག་ཕོར། ཇ་ཕོར། ཆང་ཕོར། པར་བུ། སྡེར་མ། ར་འགག །གསེར་རྩི་ཅན་དང་དཀྱུས་མ། གཡག་སྒ། རྟ་སྒ། གདོང་མོ། དཀྲོག་ཟོམ། ཆུ་ཟོམ། ཟོ་བ། ཅོག་ཙེའི་རིགས་དང༌། མཆོད་ཆས་སོགས། སྤྲོས་མ་དང༌། འཇམ་ཤུལ་ཅན་སོགས་མང་ངོ༌། །

སྣམ་བཏགས་སྐོར།
          གྲུམ་རྩེ་ཁ་གདན། ཁ་གང་མ། རལ་པ་ཅན། རྒྱབ་ཡོལ། ས་གདན། གདན་རིང༌། རྟ་ཆས་ལ། སྒ་ཁེབས། དམའ་སྟན། དམའ་ཤོག །སྤུ་ཕྲུག །བཤད་མ། སྤུ་ཕྲུག་དཀྱུས་མ། ཐིག་མ་བཙུགས་ཕྲུག །བཙུག་གདན། ཐེར་མ། བོད་ཐེར། སྲབ་ཐག་སྣམ་བུ།

ཤོག་གུ།
          ཤིང་ཤོག །དུག་ཤོག །ལྡུམ་ཤོག །གན་ཤོག །སྦྱར་ཤོག །སྙན་ཤོག །གྲོ་ཤོག་སོགས་སོ། །

ཕོ་ཡི་ལུས་ཆས་སྐོར།
          རྒྱབ་གའུ། སྦྲབ་སྦིར། མཆན་གའུ། རྣ་རྒྱན། མེ་ལྕགས། གློ་ཁུག །མདའ་གྲི་ཁབ་སོགས་ཀྱི་ཤུབ་ལ་ཚགས་མ་དང༌། འཇམ་ཤུལ་གཡུ་བྱུར་གྱི་ཕྲ་སྤྲས་མ་སོགས་དང༌། །

མོ་ཡི་ལུས་ཆས་སྐོར།
          པ་དྲུག བེ་རག རྣ་རྒྱན། གའུ། ཆབ་མ། གྲི་ཤུབ། མདུན་ཁུག །ཁབ་ཤུབ་སོགས་སྤྲོས་མ། འཇམ་ཤུལ། མུ་ཏིག་གཡུ་བྱུར། གཟི། སྤུ་ཤེལ་སོགས་ཀྱི་ལུས་ཆས་མང་ངོ༌། །

མཆོད་ཆས་སྐོར།
          བུམ་པ། ཐེབ་རྩེ། ཀ་ཏོ་ར་འགུ་ཚེ། རྐང་གསུམ། ཏིང་ཤག །བཟེད་ཞལ། མན་ཊལ། ཧོམ་གཟར་སྐྱོགས། མཆོད་རྐོང༌། ཆུ་ཏིང༌། སྤྱི་བླུག །རྡོ་དྲིལ། ཆག་ཤིང༌། གཤང་ཆེ་ཆུང༌། སིལ་ཆོལ་སྦུལ་ཆོལ། རྔ་ཆེ་ཆུང་གི་རིགས་དང༌། དྷར་མ་ཆེ་ཆུང་ཟླུམ་པོ་དང་ཐོད་དྷར། །

འབྲོག་པའི་ལག་ཤེས་ཚེམ་དྲུབ་ཀྱི་སྐོར།
          རས་ཀྱི་གུར་དཀར་པོ་ལ་ནག་པོའི་རི་མོ་ཤིང་ལོ་པ་ཏྲ། ལན་ཚ་དཔལ་དབྱེ་འཁོར་ལོ་སོགས་དང༌། འཇའ་རིས་ཤམ་བུ་ཅན་གྱི་རྣམ་གྲངས་ཆེ་བའི་ཚད། ཆུང་བའི་ཚད། དབྱིབས་ལ་སེང་ཐོད་མ་སྟ་རེ་མ། གྲུ་བཞི། ནར་མོ། ཅོག་པུ། ཀླད་ནག །ནག་གུར་ཞེས་གཡག་གི་རྩིད་པ་ལས་བཟོས་པ། ཕྱིང་པ་ལས་བཟོས་པའི་ཕྱིང་གུར་ཟླུམ་པོ། ཆར་ཆུ་ནང་དུ་མི་བཏང་བའི་ཆུ་ཐུབ་མ། ནང་དུ་མེ་བཏང་ཞིང༌། མི་ཉལ་བ་དང༌། འདུག་པ་སོགས་ཐམས་ཅད་བྱེད་ས་ཉན་པའི་སྦྲ་ལིང་བཞི་མ། ལིང་གཉིས་མ་སོགས་སྦྲ་གུར་གྱི་སྐོར་དང༌། །

ཐག་རིགས་བཏགས་པའི་སྐོར།
          ཚོས་རིས་བཀྲག་ལྡན་སྲབ་ཡང་ཡིད་འོང་དུ་མ་དང་ལྡན་པའི་སླེ་མོ་ཆེ་ཆུང༌། ༼དབྱར་ཁ་ཆུ་ཐུབ། དགུན་ཁ་རླུང་ཐུབ༽ རྟ་གཟར། བསང་ཁུག །གལ་ཏ་རྒྱབ་ཁུག །རི་མོ་དཀར་ནག་གཉིས་ལྡན་ཕད་ཙེའམ། སྒྱེ་མོ། ལུག་གལ། གཡག་སྟན། རྟ་སྟན། འབོལ་གདན། ཐག་པ་ལ། མདུང་སོ། བཞི་ལྷས། གཉིས་ཚེམ། སྲི་རི། གཞུང་ཐག །རེའུ་ལུག་གདང༌། གཡག་གདང༌། བསྟར་ཐག །ཞགས་ཐག་གློ་སྨད། གོང་ཐག་དྲ་བ་སོགས་འདྲ་མིན་ཇི་སྙེད་དང༌། གབ་རྩེ་དང༌། ཀོ་ཐག་གཉིས་ལ། མེ་ཏོག་དཔལ་དབྱེ། འཁོར་ལོ། རྡོ་དྲིལ། ཏྲམ་ཀ་སོགས་རིས་མོ་ཡོད་པའི་སྐེད་རེགས། དཔེ་ཐག་ལྷམ་སྒྲོག་སོགས་དང༌། །

ལྷས་མའི་སྐོར།
          སོག་ལྷས། ཆུ་མིག་དགུ་སྒྲིལ། བ་ཟི་བེའུ་ཁྲ། ཟུར་མ་སྒང་སྒྲིལ་མདུད་པ་དགུ་སྒྲིལ་སོགས་ལས་འུར་རྡོ་དང༌། རྟ་ཡི་ཁྲིད་ཐག་བཟོ། གཞན་ཡང་ལྷམ་གྱི་ཐག་ལྷས་སོགས་རིགས་ཁ་ཤས་ཡོད། རི་དྭགས་གསོད་བྱེད་ཀྱི་རྙི་ཡི་རིགས་དང༌། འཛོལ་དང༌། འབྲོང་ཀོའི་ཀ་བ། རུས་པའི་ཀ་ཞུ། འབྲོང་ཀོའི་སྡེར་མ། ཀོ་བ་ལས་སྒྲོ་བ། གུར་གྱི་ཆོན་ཐག ལྷམ་བསྡོགས། བྲེང་པ་སོགས་ཀྱི་མཁོ་ཆས་སྲ་བ་དང་ལེགས་པ་ཡོད། ། མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།

No comments: