Friday, April 6, 2018

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུས་པ།


༄༅། །ཇི་ལྟར་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་སྙན་འབུལ་གྱིས་བཀའ་འཁྲོལ་སྔོན་སྩལ་ལྟར་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཙམ་ཐོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུས་གནང་ཡོད་པ་རེད།

          དེ་ཡང་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་སྟོན་འཁོར་དང་བཅས་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ཞོགས་པ་བོན་གཞིས་སྨན་རི་དགོན་ནས་ཕེབས་ཐོན་གྱིས་ཕྱི་དྲོར་ཀང་ར་ཉེ་འགྲམ་ནས་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་གཉིས་ཀྱིས་ཕེབས་བསུ་དང་བཅས་བཞུགས་སྒར་རྡ་རམ་ས་ལའི་གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་སྤྱི་ཟུར་སྨན་པ་ཐོགས་མེད་སོགས་དད་ལྡན་བོན་འབངས་དུ་མས་ཕེབས་བསུ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་འཚམས་ཞུར་ཆེད་བཅར་གནང་། གཞན་ཡང་སྤྱི་འཐུས་དང་ཚོགས་སྡེ་ཁག་འགའི་འགན་ཁུར་བ། དད་ལྡན་མང་ཚོགས་བཅས་ལ་མཇལ་ཁ་བསྩལ།
༢༠༡༨ ཟླ་ ཚེས་ སྔ་དྲོ་ཆུ་ཚོད་ ༡༠།༤༥ ཙམ་ཐོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་རྒྱལ་བ་སྨན་རི་བ་མཇལ་འཕྲད་ཀྱིས་སྐུ་རྟེན་སྟོན་པ་ཁྲི་གཙུག་རྒྱལ་བའི་གསེར་སྐུ་དང་། གསུང་རྟེན་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་མདོ་དྲི་མེད་གཟི་བརྗིད། ཐུགས་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་ཕུལ་བས་༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་དང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞང་ཞུང་མངའ་རིས་ཀྱི་སྐོར་དང་། བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་བོན་པོ་ལ་ཐུག་ཡོད་སྐོར། གདན་ས་ཆེན་མོ་སྨན་རིའི་གླིང་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཕྱག་བཏབ་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་ཀྱི་སློབ་གཉེར་གནང་ཕྱོགས་དང་རྩོད་པ་གནང་ཕྱོགས་ལ་བསྔགས་བརྗོད། ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ཆེན་པོར་རྟགས་སྒྲིལ་བབས་པར་རྗེས་སུ་ཡི་རངས་དང་བསྟན་དོན་ལ་ཕན་ཐོགས་གང་ཡང་མེད་པའི་བླ་ཆེན་མིང་ཁུར་རྣམས་དང་རྩ་བ་ནས་མི་འདྲ་བ་ཡིན་སྐོར། མ་འོངས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་བཅས་སོགས་ཀྱི་གསུང་མོལ་ཞིབ་ལྷུག་གནང་། སྐབས་དེར་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་ཤེ་ཙུ་རྒྱ་མཚོ་སོགས་མཉམ་བཅར་ཞུས།
མཇལ་ཁ་གྲུབ་མཚམས་རྒྱལ་བ་སྨན་རི་བ་མཆོག་གི་ཞལ་སྔར་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་འཚམས་ཞུར་བཅར་བ་དང་སྤྱི་འཐུས་འགའ་ཞིག་ནས་མཇལ་ཁ་ཞུས། ཉིན་གུང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱལ་བ་སྨན་རི་བ་སྟོན་འཁོར་རྣམས་ལ་གསོལ་སྟོན་ཕུལ་བ་དང་། སྐབས་དེར་སྲིད་ཚབ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག དཔལ་ལྡན་ཤེས་རིག་བཀའ་བློན་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་བཅས་མཉམ་ཞུགས་ཀྱིས་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་སོགས་སྙན་འབུལ་ཞུས། དེ་རྗེས་༸སྐྱབས་རྗེ་སྨན་རི་བ་སྟོན་འཁོར་རྣམས་རྡ་ས་ནས་ཕེབས་ཐོན་གནང་།
༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནི་བོད་ཕྱི་ནང་གཉིས་སུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་ཐུན་མོང་རིག་གནས་བཅས་པར་སློབ་མཐར་སོན་ནས་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་གནང་བ་ཞིག་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་རིལ་བབས་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་རྒྱལ་བ་སྨན་རི་བའི་གསེར་ཁྲིར་མངའ་གསོལ་ཞུས་ཤིང་དེ་རིང་ ༢༠༡༨ ཟླ་ ༤ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུས་གནང་བ་བཅས་ཡིན་པ་རེད། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༡༨ ཟླ་ ༤ ཚེས་ ༦ ལ།།

No comments: